Jump to content

རྒྱལ་བོ་སྒང་།

Wikipedia ལས།

རྒྱལ་བོ་སྒང་གི་ལོ་རྒྱུས་མདོར་བསྡུས།

         དེ་ཡང་བཀའ་གདམས་གླེགས་བམ་ལས། བོད་ཁ་བ་ཅན་གྱི་ས་ཆ་ན།  །རི་མཐོན་པོ་གནམ་གྱི་ཀ་བ་ཡོད།   །མཚོ་དྭངས་མོ་གཡུ་ཡི་མེ་ལོང་ཡོད།   །ཞེས་གསུངས་པ་ལྟར་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱིས་ཕྱག་བཏབ་ཅིང་། ཤར་སྐལ་ལྡན་རྒྱ་མཚོས་དར་རྒྱས་སུ་བཏང་བའི་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གི་ནུབ་ཕྱོགས་སུ།  སེ་གུ་བྱ་ཁྱུང་གི་རི་རྩེ་མཁའ་དབྱིངས་སུ་འགྱིང་ལ།  ཤར་ཕྱོགས་སུ་སྐྱེས་ལྷ་སྟག་ལུང་གཉན་པོ་བརྗིད་ཆགས་གེར་གནས་པའི་འདབས་རོལ་ཏུ།  ཆོས་རྒྱལ་མེས་དཔོན་རྣམ་གསུམ་གྱི་ཡ་གྱལ་འཇམ་དབྱངས་རྣམ་སྤྲུལ་ཁྲི་སྲོང་སྡེ་བཙན་གྱི་བཀའ་ལུང་ལྟར།  མཐའ་བཞི་སྲུང་བའི་དམག་དཔོན་དག་གི་བརྒྱུད་པས་རེབ་གོང་གི་ཡུལ་སྤྱི་དང་། རྒྱལ་བོ་སྒང་གི་ས་ཆ་སྒྲོ་ཚང་དང་།  རྒྱ་རྩེ་ཁུག     དུང་དཀར་སྒང་སོགས་སུ་གནས་གཞི་བཟུང་ལ།   མཐར་རི་ཚྭ་ཚྭ་འདྲ་བའི་གཡས་གཡོན་ཏུ་སྤྱི་ལོ་935ལོར་ལྷན་གཅིག་ཏུ་ཆགས་པས་རྒྱལ་བོ་སྒང་ཞེས་པའི་མིང་འདི་ཐོགས། ད་ལྟའི་བར་ལོ་ངོ་1086རིང་གི་ལོ་རྒྱུས་ཡོད་ཕྱིར་རེབ་གོང་གི་ཡུལ་སྡེ་ཐོག་མའི་གྲས་སུ་གནས་ཡོད།

        རྒྱལ་བོ་སྒང་ལ་ཡར་སྒང་དང་།  མར་སྒང་།   གཡོན་ལོག   ལྷ་སྡེ་བཅས་སྡེ་བ་བཞི་ཡོད། ཡར་སྒང་དང་མར་སྒང་གཉིས་ལ་ཚོ་བཞིའི་སྒང་ཟེར།    སྡེ་འདིར་བླ་མ་རིན་ཆེན་བཟང་བོ་ཡུལ་དབུས་ནས་གནས་འདིར་ཕེབས་ཏེ་གནས་གཞི་བཟུང་ཞིང་།  ཁོང་གི་སློབ་མ་ཚོ་བཞིའི་དགེ་བའི་བཤེས་གཉེན་གྱི་ཞལ་ཆེམས་ལྟར་སྲས་གསུམ་གྱིས་སྤྱི་ལོ1240ལོར་སྔགས་ཁང་བདུད་འདུལ་སྔགས་པ་གླིང་གསར་བཞེངས་བྱས། ད་ལྟའི་བར་ལོ་ངོ་781རིང་གི་ལོ་རྒྱུས་ལྡན།

     གཡོན་ལོག་སྡེ་བར་རླངས་ལྷ་གཟུགས་ཀྱི་བརྒྱུད་པ་ཨ་སྐྱབས་ཞེས་གྲགས་པའི་སྲས་ཆེ་བ་དཔལ་ལྡན་ལུང་རིགས་ཀྱིས1447ལོར་ཇོ་ཁང་བཞེངས། སྤྱི་ལོ་1446ལོར་མའི་ལུང་བསྟན་ལྟར་སྟག་ལུང་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་བརྩེགས་ཏེ་ད་ལྟའི་བར་ལོ་ངོ576རིང་གི་ལོ་རྒྱུས་ལྡན།

      ལྷ་སྡེར་རྒྱལ་བུ་བླ་མ་དཔལ་ལྡན་ལུང་རིགས་ཀྱི་སྲས་པདྨ་རང་གྲོལ་གྱིས་སྤྱི་ལོ1484ལོར་མ་ཎི་ཁང་བཞེངས། ལོ་ངོ་537རིང་གི་ལོ་རྒྱུས་ཡོད།སྡེ་འདིར་སྔགས་ཁང་དང་།  ཇོ་ཁང་།  མཎི་ཁང་།  སྟག་ལུང་ཕོ་བྲང་བཅས་འདུ་ཁང་བཞི་ཡོད།  

          སྡེ་འདིའི་སྔགས་ཁང་བདུད་འདུལ་སྔགས་པ་གླིང་དུ་རྒྱལ་བོ་སྒང་གི་སྔགས་པ་ལྷན་གཅིག་ཏུ་འཚོགས་ཏེ་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་སྒྲུབ་ཆེན་ཉིན་བདུན་རིང་།  སྔ་འགྱུར་རྙིང་མའི་ཕྱག་བཞེས་ཕྲིན་སྒྲུབ་གྱི་ཆུ་བོ་དང་བསྟུན་ནས་ཤིན་ཏུ་ཟབ་པའི་སྒྲུབ་ཆེན་ཞིག་ཡོད།  འདི་ལ་རྒྱུད་དོན་དང་མཐུན་པར་འཆམས་རྒྱས་པ་ཞིག་ཡོད།             

    འཆམས་པའི་གྲངས་ལ་ཞྭ་ནག་བཞི།  དྲང་སྲོང་།   དམ་ཅན།         སྔགས་སྲུང་མ།  ལྷ་མོ།  མགོན་པོ།  སྐྱེས་ལྷ་སྟག་ལུང་།  ཁྲོ་བོ་གཉིས།  ཀུན་ཐུབ་རྒྱལ་མོ་གཉིས།  གངས་རི་གཉིས།  རྗེ་མི་ལ།  མགོན་པོ་རྡོ་རྗེ་ཕ་བུ་གཉིས།  ཤ་ཁྱི་གཉིས།   ཨ་ཙ་ར་གཅིག་བཅས་འཆམས་པ་ཉེར་གཅིག་གིས་གྲུབ་ཡོད།             

        འཆམས་ཀྱི་སྟངས་སྟབས་དང་།  ཉམས་འགྱུར།  གར་བྱེད་ཚུལ་ལ་དབྱེ་ན། དང་པོ།       ས་འདུལ་གསུམ།  ས་འདུལ་དང་པོ།  ས་འདུལ་གཉིས་པ།  ས་འདུལ་གསུམ་པ།    གཉིས་པ།  རྡོ་རྗེ་གསུམ།   རྡོ་རྗེ་ཕྱེད་པོ།    རྡོ་རྗེ་ཧྲིལ་བོ།   རྡོ་རྗེ་རྒྱ་ཁྲམ།        གསུམ་པ།  ལྷ་མོའི་གར་འཆམས།  བཞི་བ།  མགོན་པོའི་ཁ་ཊཱང་།    ལྔ་བ།  དགྲ་བགེགས དཀྲིགས་འཆམས།       དྲུག་པ།   ཆེ་འདུལ་ཆུང་འདུལ །   

  བདུན་པ།     རླུང་ནག་འཚུབ་མ་བཅས་གྲངས་བདུན་ཡོད།

      དགེ་བའི་ཕན་ཡོན་མཐོང་བ་ཙམ་གྱིས་རྒྱུད་ལ་དད་དང་ངེས་འབྱུང་སྐྱེ་ལ།  རང་རྒྱུད་ཀྱི་ཆགས་སོགས་ཉོན་མོངས་བ་ཞི་བར་བྱེད།  དགྲ་བགེགས་ཀྱི་གནོད་པ་དང་མི་མཐུན་པའི་རྐྱེན་ངན་མཐའ་དག་ཡོངས་སུ་དག་པར་བྱེད།

ཞྭ་ནག་གིས་ས་གཞི་བྱིན་གྱིས་རླབས་ཏེ་བཀྲ་ཤིས་བར་བྱེད།  ཆོས་སྐྱོང་གིས་མགོན་སྐྱབས་དང་བསྡོངས་གྲོགས་མཛད།  དགྲ་འཆམས་ཀྱིས་ནང་གི་གཟུང་འཛིན་གཅོད་པར་བྱེད་ལ་དེས་སྟོབས་ཀྱིས་ཕྱི་ནང་གི་འབྱུང་བ་མཐུན་པར་བྱེད་ནུས།  རྗེ་མི་ལས་བླ་མ་བསྟེན་ཐབས་ནས་ཉམས་ལེན་གྱི་རིམ་པ་གསལ་བར་སྟོན་པས་ནང་བསྟན་རིག་གཞུང་གི་བརྗོད་བྱ་གར་གྱི་སྣང་བརྙན་གྱིས་སྟོན་པ་ཡིན་ནོ།།

       འཆམས་འདི་རེབ་གོང་གི་འཆམས་གཞན་དང་མི་མཐུན་པའི་ཁྱད་ཆོས་དུ་མས་ཕྱུག་ཅིང་།    འདི་སྤྱི་ལོ1810ལོར་སྡེ་འདིར་བཙུགས་ལ་ད་ལྟའི་བར་ལོ་ངོ 211གི་ལོ་རྒྱུས་ལྡན། དམངས་སྲོལ་དང་རིག་གཞུང་གཉིས་ཀྱིས་མཛེས་པའི་གནའ་བོའི་རིག་གཞུང་འདི།   

      ལྷག་པར་ས་ཆ་གཞན་ན་མེད་པའི་སྡེ་འདིའི་ཕ་ཕོག་གཅེས་ནོར་རྩ་ཆེན། ཞིང་ཕྱུགས་གཉིས་ཆར་ལ་ཤིན་ཏུ་ཕན་པའི་ཆར་མི་འབབས་ལ་ཐན་པ་ཆེ་དུས། ཆར་འབབས་པའི་ཐབས་མན་ངག་དང་།  ཆར་གཤོལ་ཆེ་བས་ཞིང་ལས་དང་འབྲོག་ཁུལ། ས་གཤིས་ལ་གནོད་པ་ཐེབས་དུས་ཆར་འགོག་པའི་ལག་ལེན་ཡོད།

     ལག་ལེན་བྱེད་ཐབས་ལ།     ཆུ་འཁོར་བསྐོར་རྒྱུ།  རླུང་འཁོར་དང་།  ལག་འཁོར་སྐོར་ཚུལ།   མནན་པ་བྱེད་སྟངས་སོགས་ཡུལ་གཞན་ལ་མེད་ལ་ལག་ལེན་དུའང་ཐེབས་དཀའ་བ་ཡིན།     སྡེ་འདིར་སྔོན་གྱི་སྔགས་འཆང་གོང་མའི་བཀའ་དྲིན་ལས།  ལུང་རྒྱུན་དང་།   མན་ངག་ལག་ལེན་བྱེད་ཚུལ་མ་ནོར་བར་ཡོད།  

      ཆར་འབེབས་ཀྱི་ལག་ལེན་འདི་རང་བྱུང་ཁམས་ཀྱིས་མིའི་རིགས་ལ་དབང་བསྒྱུར་བྱེད་པ་མ་ཡིན་པར།  མིའི་རིགས་ཀྱིས་རང་བྱུང་ཁམས་ལ་དབང་བསྒྱུར་བ་ཡིན་ལ། འདིས་ཕྱི་ནང་གི་འབྱུང་བ་ཆ་སྙོམས་པར་བྱེད་པའི་ཐབས་ཤེས་ཁྱད་པར་བ་ཞིག་ཡིན་པས་ཚན་རིག་དྱུང་ཁམས་ལ་དབང་བསྒྱུར་བ་ཡིན་ལ།ང་མཐུན་པ་མངོན་སུམ་མྱོང་གྲུབ་ཡིན་ནོ།།

       འདི་གཏེར་ཆེན་ཉང་ཉི་མ་འོད་ཟེར་གྱི་གཏེར་ཆོས་ཟབ་མོ་ཡིན་ལ།      སྡེ་འདིར་སྤྱི་ལོ1275ནང་སྡེ་འདིར་ཐོག་མར་ལག་ལེན་བྱེད་འགོ་ཚུགས། ད་ལྟའི་བར་ལོ་ངོ 746ལྷག་གི་ལོ་རྒྱུས་ཡོད་ལ། གནའ་བོའི་རིག་གཞུང་དང་མིའི་རིགས་ལ་ཕན་པ་སྒྲུབ་པའི་རིག་གཞུང་ཞིག་ཀྱང་ཡིན།           

       ཚུལ་འདི་རེབ་གོང་གི་རྒན་གཞོན་ཡོངས་ལ་ཤིན་ཏུ་གསལ་ལ།  ཞིང་ཕྱུགས་ལ་ཐན་པ་དང་ཆར་བས་གནོད་པ་ཡོང་དུས་རེབ་གོང་གི་ཡུལ་མི་དག་གིས་རང་སྡེ་རྒྱལ་བོ་སྒང་ལ་དར་ཁའི་སྣ་དྲངས་ཏེ་རེ་བཅོལ་བྱེད།  ཡིན་ནའང་ཆར་འབེབས་ཀྱི་མན་ངག་ཟབ་མོ་འདི་ད་ལྟ་སྔགས་འཆང་རྒན་པ་རེ་འགའ་ལས་མི་ཤེས།