Jump to content

དབྱངས་སློབ་བགྲེསཔ་བ་སོ་དཀརཔོ། Ι Ex-Yanglop Baso Karp

Wikipedia ལས།

ངོ་སྤྲོད།

[ཞུན་དག།]
དབྱངས་སློབ་སྐུ་བགྲེས་བ་སོ་དཀརཔོ།

དབྱངས་སློབ་སྐུ་བགྲེས་བ་སོ་དཀརཔོ་འདི་ སྤྱི་ལོ་ ༡༩༢༨ ལུ་ཧཱ་རྫོང་ཁག་ ས་དམར་རྒེད་འོག་གི་ གཡུས་ནུབ་སྒང་ལུ་ ཡབ་དངོས་གྲུབ་ཚེ་རིང་དང་ ཡུམ་སྐལ་བཟང་སྒྲོལ་མ་གི་སྲས་ལུ་སྐུ་འཁྲུངས་ནུག། ཁོང་བུ་སྤུན་དྲུག་དང་ མོ་སྤུན་གཅིག་རྐྱངམ་གཅིག་ཡོདཔ་ཨིན་མས། ཁོ་གི་མཚན་ངོ་མ་དཀར་པོ་ཨིན་རུང་ཆ་རོགས་ཚུ་གིས་གྲྭ་ཚང་ནང་ལུ་ བ་སོ་དཀརཔོ་སྦེ་འབོཔ་ཨིན་མས། དགུང་ལོ་ལྔ་བཞེསཔ་ད་ལུ་ ཁོ་རའི་ཨ་ཁུ་བསོད་ནམས་རིན་ཆེན་གྱིས་ ཁོ་གཞུང་གྲྭ་ཚང་ནང་ལུ་ལྟོ་གཟནཔ་སྦེ་བཙུགས་ཏེ་ དགུང་ལོ་བདུན་བཞེསཔ་ད་ལུ་ རྗེ་མཁན་ཁྲི་རབས་ ༥༩ པ་ སྐྱབས་རྗེ་ཆོས་ཀྱི་དབང་ཕྱུག་གིས་ ཁོ་གཞུང་འབྲེལ་དུ་རྫོང་ནང་དགེ་སློང་སྦེ་བཙུགས་གནང་སྟེ་ ཆོས་ཀྱི་མིང་ཡང་ཆོས་ཀྱི་བློ་གྲོས་ཟེར་བཏགས་གནང་ནུག། དེ་ལས་འགོ་བཙུགས་ཏེ་ གྲྭ་ཚང་གི་གཞི་རྟེན་སློབ་སྦྱོང་གར་ཐིག་དབྱངས་གསུམ་ཚུ་གོ་རིམ་སྦེ་ལྷབ་ནི་འགོ་བཙུགས་ནུག། བ་སོ་དཀརཔོ་གི་གྲྭ་ཚང་ནང་ལུ་ དཔེ་ཆ་སྟོན་མི་གི་སློབ་དཔོན་ཡང་ ཁོ་གྲྭ་ཚང་ནང་བཙུགས་མི་ཁོ་རའི་ཨ་ཁུ་སློབ་དཔོན་བསོད་ནམས་རིན་ཆེན་དང་ སློབ་དཔོན་སྨིན་དྲུག་ཤུལ་ལས་ གཞུང་གྲྭ་ཚང་གི་དབྱངས་པའི་སློབ་མཛད་ཡི། དགུང་ལོ་ ༡༣ བཞེསཔ་ད་ལུ་ཁོ་གཞུང་སྦུག་གྲལཔ་གི་གོ་གནས་ནང་ཐོབ་སྟེ་ བ་སོ་དཀརཔོ་སྦུག་གྲལཔ་གི་གྱལ་ཁར་ རྗེ་མཁན་ཁྲི་རབས་ ༦༩ པ་སྐྱབས་རྗེ་དགེ་བཤེས་དགེ་འདུན་རིན་ཆེན་དང་ དུས་མཉམ་མཛད་ཡོདཔ་ཨིན་མས། སྐྱབས་རྗེ་དགེ་འདུན་རིན་ཆེན་དང་དུས་མཉམ་གྱི་ཆ་རོགས་ཚུ་དང་གཅིག་ཁར་ སྒྲ་པའི་སློབ་དཔོན་ཐུབ་བསྟན་རྣམ་རྒྱལ་ལས་ ཁྱད་པར་དུ་འཕགས་པའི་གཞུང་རིག་གནས་ཀྱི་བཀའ་ཁྲིད་ཚུ་ཐོབ་ནུག།

དགུང་ལོ་ ༢༩ བཞེསཔ་ད་ལུ་ ཞབས་དྲུང་རིན་པོ་ཆེ་གི་མཚན་སྙན་ཅན་གྱི་གདན་ས་ལྕགས་རི་ལུ་ ཟླཝ་བཞི་གི་རིང་མཚམས་ཁང་ནང་སྡོད་ནི་གི་གོ་སྐབས་ཐོབ་ནུག། མཚམས་ནང་བཞུགསཔ་ད་ལུ་ སྔོན་འགྲོ་བསགས་སྦྱོང་དང་བླ་རིམ་ཡང་མཛད་གནང་ནུག། འ་ནཱི་ཟླ་ངོ་བཞི་གི་མཚམས་འདི་ གནམ་མེད་ས་མེད་གར་དྲགས་སྡོད་ནུག། དེ་ཡང་བླམ་བ་སོ་དཀརཔོ་གིས་ཨ་རྟག་ར་ ཕྱི་རུ་ཆུ་ཚོད་ ༡༠ ལས་ལོང་སྟེ་ སྔོན་འགྲོ་བསགས་སྦྱོང་དང་ཁ་ཐུན་ཚུ་གཏང་ནི་འགོ་བཙུགས་ཏེ་ ནུབམོ་གཅིག་བཏང་རུང་ཡང་ དུས་ཚོད་ཀྱི་རྩ་ལས་བདའ་མ་ཟུན་པར་ བཞེས་སྒོ་ཚ་ཏོམ་འབད་དེ་བཞེས་ནི་གི་དུས་ཚོད་མེད་པར་ མཛརཝ་ཆུ་ཁོདམོ་ནང་སྦང་སྟེ་བཞེས་ཡོད་པ་འི་ལོ་རྒྱུས་འདུག། དེ་བསྒང་ཕྱག་འཚལ་བའི་སྐབས་ལུ་དཔྱལཝ་ ལགཔ་དང་ རྐངམ་གུར་རྨ་ཐོན་མི་དེ་གིས་ན་ཟུག་རྐྱབ་རུང་ འཕྲོ་བཅད་བཞག་ནི་གི་དལ་ཉམས་མ་སྡོད་ནུག། བླ་མ་བ་སོ་དཀརཔོ་གིས་ ཉིནམ་དག་པ་ཅིག་གི་རྒྱབ་ལས་ འཕྲལ་འཕྲལ་སྐབས་ར་ཁྱིམ་དྲན་རུང་ཡང་ ཁོ་ར་གིས་ཁོ་ར་ལུ་ ད་ལྟོ་འཁོར་བའི་གནས་སྐབས་ཀྱི་བདེ་བ་ལུ་ཆགས་ཏེ་སྡོད་ནི་ལས་ སངས་རྒྱས་ཀྱི་གོ་འཕང་སྒྲུབ་ནི་ཧ་ཅང་གིས་གལ་ཆེ་ཟོར་སེམས་སྐུལ་འབད་དེ་བཞུགས་ནུག། དེ་གི་ཤུལ་ལས་དོ་རུང་ལྕགས་རི་ལུ་ བདེ་མཆོག་འཁོར་ལོ་སྡོམ་པ་གི་བསྙེན་མཚམས་ཡང་ ཟླཝ་བཞི་གི་རིང་ལུ་བཅད་གནང་ནུག།

དགུང་ལོ་ ༣༠ བཞེསཔ་ད་ལུ་ དེ་བསྒང་གི་རྡོ་རྗེ་སློབ་དཔོན་ཕྲིན་ལས་ལྷུན་གྲུབ་ཞབས་ལས་ དགེ་སློང་གི་སྡོམ་པ་ཞུ་ནུག། དགེ་སློང་གི་སྡོམ་པ་ཞུ་ཚར་བའི་ཤུལ་ལས་ རྫོང་ནང་ལོག་བྱོན་ཏེ་ མཛོད་གཉེར་གྱི་འགན་ཁུར་བསྣམས་ནུག། དེ་ལས་དགུང་ལོ་ ༣༧ བཞེས་པའི་སྐབས་རྗེ་མཁན་ཁྲི་རབས་ ༦༥ པ་སྐྱབས་རྗེ་ཡེ་ཤེས་སེངྒེ་གིས་སྦུག་གྲལཔ་གི་སློབ་གྲྭ་གསརཔ་གཞི་བཙུགས་འབད་མི་ནང་ལུ་ སློབ་དཔོན་སྦེ་ཕྱག་ཞུ་ནི་དང་ སློབ་གྲྭའི་མཐའ་འཁོར་ཧིང་སངས་ས་སྦེ་ བཞག་མི་གི་ལཱ་དཔོན་སྦེ་ཕྱག་ཞུ་ནི་གི་གོ་སྐབས་ཐོབ་ནུག། དེ་གི་ཤུལ་ལས་ལོ་ ༢ ཀྱི་རིང་ཚེམས་དཔོན། འཆམ་དཔོན་སྦེ་ཕྱག་ཞུ་ཡོདཔ་མ་ཚན་དེ་ལས་ ལྕགས་རི་ལུ་དབུ་མཛད་སྦེ་ཡང་བཞུགས་ནུག། ཁོ་ལྕགས་རི་གི་ཆོ་གའི་སློབ་དཔོན་སྦེ་ཕྱག་ཞུ་བའི་སྐབས་ལུ་ ད་ལྟོ་གི་སྐྱབས་རྗེ་འདི་ རྟ་མགོ་གི་དབུ་འཛིན་གྱི་ཕྱག་འགན་བཞེས་ཏེ་ཡོད་པའི་སྐབས་ལུ་ ལྕགས་རི་དང་རྟ་མགོ་འདི་སྦོ་ལོགས་འབདཝ་ལས་ འཕྲལ་འཕྲལ་ར་སྐྱབས་རྗེ་དང་འབྲེལ་བ་འཐབ་སྟེ་ གཞུང་གྲྭ་ཚང་གི་རིམ་འགྲོའི་ཐབས་ལམ་གྱི་སྐོར་ལས་ གྲོས་བསྟུན་ལེ་ཤ་འབད་ཡོདཔ་མ་ཚད་ སྐྱབས་རྗེ་ལས་བརྒྱུད་པ་གཞན་གྱི་དབང་དང་ལུང་ཚུ་ཡང་ཞུ་ནུག། དབྱངས་སློབ་བགྲེསཔ་འདི་ཆོས་ལུགས་ག་རའི་དབང་དང་ལུང་ཚུ་ཞུ་ནི་ཐོབ་མི་ སྐལ་བ་ཅན་གྱི་བླམ་ཅིག་ཨིན་མས། དེ་ཡང་ཐིམ་ཕུག་བདེ་ཆེན་ཆོས་གླིང་དགོན་པ་ལུ་ རྙིང་མའི་བླ་ཆེན་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལས་ དགོངས་འདུས་ཀྱི་དབང་ཞུ་ནི་གི་སྐལ་བ་ཅན་ལུ་གྱུར་ནུག། དེ་གི་ཤུལ་ལས་ ལྕགས་རི་ལུ་མེ་མེ་བླ་མ་གྲུབ་དབང་བསོད་ནམས་བཟང་པོ་ལས་ ཕྱག་ཆེན་གྱི་གདམས་ངག་ཚུ་ཞུ་བའི་སྣོད་ལྡན་ལུ་གྱུར་ནུག། དེ་ལས་ཁོ་གདོང་དཀར་ལ་གི་བླམ་སྦེ་བཀལ་བའི་ཤུལ་ལས་ སྤུ་ན་ཁ་རྡོ་རང་འཐག་གི་དགོན་པ་ལུ་ བླམ་བསོད་ནམས་བཟང་པོའི་ཞབས་སར་བཅར་ཏེ་ དཔལ་ལྡན་འབྲུག་པའི་ནཱ་རོ་ཆོས་དྲུག་གི་གདམས་ངག་ཞུ་ཞིན་ན་ བླམ་གྱི་གནམ་བྱཱར་གྱི་གདན་ས་བཀྲིས༌སྒང༌གི༌ཧཱོན༌མཚོ༌དགོན༌པ༌ལུ༌ བླ༌མའི༌གཟིམ༌ཅུང༌དང༌ མཆོད༌རྟེན༌བཞེངས༌ནི༌གི༌ གོ༌སྐབས༌ཡང༌ཐོབ༌ནུག།

དེ༌གི༌ཤུལ༌ལས༌ བླམ༌བོད༌ནམས༌བཟང༌པོ༌དང༌ སློབ༌མ༌ཚུ༌དང༌གཅིག༌ཁར༌ ཕ༌ཇོ༌ལྡིང༌ལུ༌ལྷ༌ཁང༌དང༌མཚམས༌ཁང༌ཚུ༌རྐྱབ༌སྟེ༌ བླ༌མའི༌ལམ༌སྟོན༌འོག༌ལུ༌ ལོ༌གསུམ༌ཕྱོགས༌གསུམ༌གྱི༌མཚམས༌བཅད༌ནུག། དེ༌ཁར༌རྡོ༌རྗེ༌སློབ༌དཔོན༌དཀར༌མདོག༌ལས༌ བཀའ༌འགྱུར༌གྱི༌ལྗགས༌ལུང༌དང༌ སྐྱབས༌རྗེ༌བདུད༌འཇོམས༌རིན༌པོ༌ཆེ༌ལས༌ དགོངས༌འདུས༌དང༌ ཕུར༌པ༌གནམ༌ལྕགས༌ཀྱི༌དབང༌ཚུ༌ཡང༌ ཐོབ༌ནུག། དེ༌ལས༌གྲུབ༌དབང༌བླ༌མའི༌བཀའ༌བཞིན༌ དོ༌རུང༌ལོ༌གསུམ༌གྱི༌ སྐུ༌མཚམས༌ནང༌ལུ༌འཛུལ༌ཏེ༌ ཕྱེད༌ཀ༌ལྷོདཔ༌ད༌ དགུང༌ལོ༌༥༧ ལུ༌ མི༌དབང༌འབྲུག༌རྒྱལ༌བཞི་པ་གིས་ ཁོ་དབྱངས་པའི་སློབ་དཔོན་འབད་དགོ་པའི་བཀའ་ཕེབས་ཏེ་ གཞུང་གྲྭ་ཚང་ལུ་དམ་པའི་ཚིག་གཙང་མའི་ཐོག་ལས་ ཕྱག་ཞུ་བའི་སྐབས་ལུ་ སྐྱབས་རྗེ་རྗེ་མཁན་གི་སྐུ་ཚབ་སྦེ་ཕྱག་ཞུཝ་ད་ རྫོང་དཔོན་དང་བླམ་སློབ་དཔོན་ཚུ་ལུ་བཀྲིས་ཁ་དར་གནང་ཡོདཔ་ཨིན་མས། དེ༌བསྒང༌ཁོ༌གི༌ཕྱག༌འགན༌སྦོམ༌ཤོས༌ར༌ མི༌དབང༌འབྲུག༌རྒྱལ༌བཞི༌པའི༌རྒྱལ་བཙུན་བཞི་དང་གཅིག་ཁར་ ཁྲི་མངའ་གསོལ་གྱི་སྐབས་ལུ་ རིགས་ལྔའི་དབུ་ཞྭ་ཚུ་ བཙུནམོ་བཞི་གི་དབུ་ལུ་བཀལ་ནི་འདི་ཨིན་མས། དེ་ལས་དགེ་འདུན་རིན་ཆེན་འདི་ བོད་ལས་མཁས་པ་ཆེན་པོ་དགེ་བཤེས་སྦྱངས་ཏེ་ལོག་འབྲུག་ལུ་ཕེབས་ཏེ་ དགེ་བཤེས་ཀྱི་ལམ་སྟོན་འོག་ལུ་ ཞབས་དྲུང་དག་སྣང་མ་དང་ སྨྱུང་གནས་ཉམས་སོང་མི་འདི་ ལོག་ཉམས་གསོ་མཛད་པའི་སྐབས་ལུ་ ཕྱག་ཞུ་ནི་ཐོབ་ཡོདཔ་ཨིན་མས།

དེ་ལས་རྗེ་མཁན་ཁྲི་རབས་ ༦༨ པ་སྐྱབས་རྗེ་བསྟན་འཛིན་དོན་གྲུབ་ཀྱི་ངོ་བསྒང་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་གྲྭ་ཚང་ནང་ལུ་གཞི་བསྒྱུར་མཛད་པའི་སྐབས་ལུ་ རྫོང་ཁག་ག་ར་ནང་ལུ་རབ་སྡེ། གྲྭ་ཚང་། བཤད་གྲྭ། སྒྲུབ་གྲྭ་དང་ཆོས་སྡེ་ཚུ་གཞི་བཙུགས་མཛདཔ་ད་ལུ་ རྗེ་གི་སྐུ་ཚབ་མཛད་ཡོདཔ་ཨིན། དབྱངས་སློབ་བགྲེསཔ་བ་སོ་དཀརཔོ་གིས་རྒྱལ་ཁབ་ནང་ལུ་ ཆོས་དང་ལམ་སྲོལ་ལུ་ཕན་པའི་ཕྱག་ལཱ་ལེ་ཤ་མཛད་གནང་མི་ལུ་ མི་དབང་འབྲུག་རྒྱལ་ལྔ་པ་མཆོག་གིས་ སྤྱི་ལོ་ ༢༠༡༥ འི་རྒྱལ་ཡོངས་དུས་ཆེན་ཐེངས་ ༡༠༨ པ་ལུ་འབྲུག་ཐུགས་སྲས་ཀྱི་རྟགས་མ་གནང་ཡོདཔ་ཨིན། (སེམས་ཀྱི་ཤེས་རབ། གནམ་ལོ་མེད། སྤྱི་ལོ་ ༢༠༢༢)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

[ཞུན་དག།]

༡༽   སེམས་ཀྱི་ཤེས་རབ། དབྱངས་པའི་སློབ་དཔོན་བ་སོ་དཀརཔོ། གནམ་ལོ་མེད། སྤྱི་ལོ་ ༢༠༢༢། ཕེསི་བྷུག། ཡོངས་འབྲེལ་ཁ་བྱང་། https://www.facebook.com/search/top?q=baso%20karp