Jump to content

གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་། Yakgang Sanga Choeling Monastery

Wikipedia ལས།
གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་། Photo copyright@linked

ངོ་སྤྲོད།

[ཞུན་དག།]

གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་འདི་དུས་རབས་ ༡༦ པའི་ནང་ལུ་ གཏེར་བཏོན་པདྨ་གླིང་པའི་སྲས་ཆུང་ཤོས་ཡོངས་གྲགས་ཅན་གྱི་གཏེར་བཏོན་གསང་བདག་གིས་བཞེངས་ཡོདཔ་ཨིན་མས། འ་ནཱི་འདི་སྒེར་གྱི་ལྷ་ཁང་ཅིག་ཨིནམ་ལས་གཏེར་བཏོན་པདྨ་གླིང་པའི་གདུང་བརྒྱུད་གཡག་སྒང་ཆོས་རྗེ་གིས་བདག་འཛིན་འབདཝ་ཨིན་མས། ལྷ་ཁང་འདི་ཆོས་དང་འབྲེལ་བའི་གཏེར་མཛོད། སྐུ་འབག། དབྱངས་ཀྱི་སྙན་ཆས། གོ་ཁྲབ། དང་ཕུའི་གོ་མཚོན། དར་དང་ཡིག་བྲིསམ་ཚུ་པར་བཏབ་ནིའི་ཟའི་ལོ་གརཕ་ཚུ་བསྡུ་གསོག་འབད་དེ་ཡོད་མི་ཅིག་སྦེ་ཡོངས་གྲགས་ཡོདཔ་ཨིན། ལྷ་ཁང་གི་འོག་ཐོག་ལུ་དུས་གསུམ་སངས་རྒྱས་ཀྱི་སྐུ་འདྲ་ཚུ་ཡོདཔ་ཨིནམ་མ་ཚད་ གུ་རུ་རིན་པོ་ཆེ། སྤྱན་རས་གཟིགས། གཏེར་བཏོན་པདྨ་གླིང་པ་དང་རྒྱལཔོ་ཧཱ་ཞང་ཚུ་ཡོདཔ་ཨིན་མས། ལྷ་ཁང་གི་སྐུ་གཉེར་མཚམས་པ་གིས་བཤད་མི་ནང་ལུ་ བཟའ་ཚང་ལ་ལུ་ཅིག་དམིགས་བསལ་གྱིས་ཨ་ལུ་བུཚ་དང་ཡང་ན་བུམོ་དགོ་མི་གི་ཕམ་ཚུ་ལྷ་ཁང་འདི་ནང་ལུ་ཨ་ལུའི་དངོས་གྲུབ་ཞུ་བར་འོང་དོ་ཡོདཔ་ལས་ ཨ་ལུའི་དངོས་གྲུབ་ཡང་ཡིད་གཉིས་ཐེ་ཚོམ་མེད་པར་གནངམ་ཨིན་ཟེར་སླབ་ཨིན་མས།

ནང་རྟེན།

[ཞུན་དག།]

ལྷ་ཁང་དེ་གི་ནང་རྟེན་གཙོ་བོ་འདི་གི་ལྟག་ལུ་མཆོད་རྟེན་ལེ་ཤ་ཡོད་པའི་ནང་ལས་ ཟུར་ཁ་ཡོད་མི་འདི་གཏེར་བཏོན་པདྨ་གླིང་པ་གི་ཕྱག་འཁར་ཨིན་མས། ལྷ་ཁང་འདི་གི་གྱང་གུར་གུ་རུ་རིན་པོ་ཆེ་གི་ཕྱག་བྲིས་མཛད་པའི་ ལྡེབས་རིས་ཚུ་ཡང་ག་ནི་བ་ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལ་ནི་ཡོདཔ་ཨིན་མས། ལྷ་ཁང་འདི་གི་ཐོག་དང་པ་ནང་ལུ་ཆོས་སྐུ་ཀུན་ཏུ་བཟང་པོའི་སྐུ་འདྲ། རྟ་མགྲིན་གྱི་སྐུ་འདྲ་དང་བཅས་གཞན་ལེསྐུ་འདྲ་ཚུ་ཤ་ར་ཅིག་ར་མཇལ་ཁ་ཞུ་ནི་ཐོབ་ཨིན་མས། དེ་ལས་ལྷ་ཁང་འདི་གི་ནང་ན་ལུ་གཞན་མི་ཁང་མིག་ཅིག་གི་ནངལུ་ གཡག་སྒང་གི་ནང་རྟེན་གཙོ་བོ་བཞུགས་ཏེ་ཡོདཔ་ལས་མི་ག་ཡང་ནང་ན་འཛུལ་མ་ཆོགཔ་ཨིན་མས། ནང་རྟེན་འདི་གི་བཞུགས་ཁང་ཡང་ལོ་བསྟར་བཞིན་དུ་ ཟླཝ་ ༥ པའི་ཚེས་བཅུ་ཐམ་ལུ་གུ་རུ་རིན་པོ་ཆེ་གི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་གྱི་ཉིནམ་ལུ་ དད་ཅན་གྱི་མི་སེར་ཚུ་ལུ་མཇལ་ཁ་གནང་དོ་ཡོདཔ་ཨིན་མས། ལྷ་ཁང་འདི་ནང་ལུ་གཤམ་འཁོད་ཀྱི་ནང་རྟེན་བྱིན་བརླབས་ཆེ་ཏོག་ཏོ་ཚུ་ཡ་མཚན་ཆེ་ཏོག་ཏོ་སྦེ་བཞུགས་ཏེ་ཡོད་མི་ཚུ་ རྒྱལ་ཁབ་ཀྱི་དད་ཅན་མང་ཤོས་ཅིག་གིསས་ར་མ་ཤེས་དོ་ཡོདཔ་ཨིན་མས།

བྱུང་རབས།

[ཞུན་དག།]

དེ་ཡང་དུས་རབས་ ༡༤ པའི་ནང་ལུ་བྱོན་མི་འབྲུག་གི་གཏེར་ཆེན་པདྨ་གླིང་པ་མཆོག་གིས་ ས་གནས་བུམ་ཐང་སྟང་མེ་འབར་མཚོ་ལས་གཏེར་འགོ་དང་པ་བཞེས་མི་སྟོན་པ་ཤཀྱཱ་ཐུབ་པའི་སྐུ་འདྲ་ཡང་ ག་ནི་བ་ངོ་མཚར་ཆེ་ཏོག་ཏོ་སྦེ་གཡག་ལྷ་ཁང་དེ་ཁར་བཞུགས་ཏེ་འདུག། དེ་ཡང་གཏེར་བཏོན་པདྨ་གླིང་པ་གིས་མེ་འབར་མཚོ་ལས་གཏེར་བཞེས་མི་ལུ་ས་གནས་ཀྱི་མི་ཚུ་གིས་ཡིད་མ་ཆེས་པར་ གཏེར་བཏོན་པདྨ་གླིང་པ་གིས་གཡུས་ཁའི་མི་ཚུ་ག་ར་མེ་འབར་མཚོའི་སྦོ་ལོགས་ཁར་འབོ་ཞིནམ་ལས་ ཕྱག་ལུ་དཀར་མེ་ཅིག་ཡང་བསྣམས་ཞིན་ན་ ང་བདུད་ཀྱི་སྤྲུལ་པ་ཅིག་ཨིན་པ་ཅིན་མཚོ་ནང་ཐིམ་སྟེ་ཤི་བཅུག། གལ་སྲིད་ང་སངས་རྒྱས་ཀྱི་སྤྲུལ་པ་ཅིག་ཨིན་པ་ཅིན་ ངེའི་ཕྱག་ལུ་ཡོད་པའི་དཀར་མེ་ཡང་མ་ཤི་བར་གཏེར་ལེ་ཤ་འབག་སྦེ་འོང་བཅུག་ཟེར་ཐུགས་སྨོན་གནང་སྟེ་མེ་འབར་མཚོ་ནང་ལུ་མཆོངས་ཡོདཔ་ཨིན་མས། དེ་ལས་ཡུདཔ་ཅིག་ལས་གཏེར་བཏོན་པདྨ་གླིང་པ་འདི་གི་ཕྱག་ལུ་ཡོད་པའི་དཀར་མེ་ཡང་ཤི་ནི་ཕར་བཞག་ཧེང་སྐལ་ར་འོད་འབར་ཏེ་ གཏེར་སྒྲོམ་སྤྱ་རྩི་དབུར་དབུརཝ་ཅིག་དང་གཏེར་ལེ་ཤ་བསྣམས་བྱོན་ནུག།

དེ་བསྒང་མཚོའི་སྦོ་ལོགས་ཁར་འཛོམས་མི་གི་གྲལ་ཁར་ བུམ་ཐང་གི་ས་གནས་ཀྱི་དཔོན་ཆོས་འཁོར་སྡེ་པ་ཡང་བཞུགས་ནུག། ཆོས་འཁོར་སྡེ་པ་གིས་པདྨ་གླིང་པའི་གཏེར་སྒྲོམ་སྤྱ་རྩི་དབུར་དབུརཝ་འདི་ད་ལྟོ་ར་ཁ་ཕྱེ་དགོཔ་སྦེ་ཨུ་ཚུགས་བསྐྱེདཔ་ད་ གཏེར་བཏོན་པདྨ་གླིང་པ་གིས་དཔོན་སྡེ་པ་ལུ་གཏེར་འདི་ཁ་ཕྱེ་ནི་གི་དུས་ཚོད་མ་རན་ཟེར་ཞུ་རུང་ས་གནས་ཀྱི་རྒྱལཔོ་གིས་དགོངསམ་ཁྲེལ་ཏེ་ གཏེར་སྒྲོམ་སྤྱ་རྩི་དབུར་མི་འདི་གུར་གྱི་བླུགསཔ་ད་ལུ་གཏེར་སྒྲོམ་འདི་ལས་སངས་རྒྱས་ཀྱི་སྐུ་འདྲ་གསུམ་འཕུར་བྱོན་ཡོདཔ་སྦེ་སླབ་ཨིན་མས། དེ་བསྒང་སངས་རྒྱས་ཀྱི་སྐུ་འདྲ་གསུམ་འཕུར་བྱོན་མི་གི་གྲལ་ལས་གཅིག་འདི་ད་ལྟོ་བུམ་ཐང་བྱ་དཀར་རྫོང་ནང་ལུ་བཞུགས་ཏེ་ཡོདཔ་ཨིནམ་དང་ གཅིགཔ་འདི་སྤ་རོ་གདོང་དཀར་ལ་དགོན་པ་ནང་ལུ་བཞུགས་ཏེ་ཡོདཔ་མ་ཚད་ གཅིགཔ་འདི་ད་ལྟོ་མོང་སྒར་གཡག་སྒང་དགོན་པ་ནང་ལུ་ཡ་མཚན་ཆེ་ཏོག་ཏོ་སྦེ་བཞུགས་ཏེ་ཡོད་མི་འདི་ཨིན་མས།

པདྨ་གླིང་པའི་གཏེར་སྒྲོམ་ནང་ལས་འཕུར་བྱོན་མི་ནང་རྟེན་གསུམ་གྱི་གྲལ་ལས་ བུམ་ཐང་བྱ་དཀར་རྫོང་དང་གདོང་དཀར་ལ་དགོན་པ་ནང་ལུ་བཞུགས་མི་ནང་རྟེན་འདི་རྒྱལ་ཡོངས་ཀྱི་མི་སེར་ཚུ་གིས་ཤེས་དོ་ཡོད་རུང་ སྐུ་འདྲ་བྱིན་ཅན་གཅིགཔ་འདི་ད་ལྟོ་མོང་སྒར་གཡག་སྒང་གསང་སྔགས་ཆོས་གླིང་ནང་ལུ་བཞུགས་ཏེ་ཡོདཔ་ཨིནམ་མི་མང་ཆེ་བ་གིས་ར་མ་ཤེས་པར་ཡོདཔ་ཨིན་མས། དེ་ལས་གཞན་བྱིན་བརླབས་ཆེ་བའི་རྩ་ཅན་གྱི་ནང་རྟེན་གཞན་ཡང་ གུ་རུ་གི་འོད་བརླབས། གུ་རུ་རིན་པོ་ཆེ་གི་ཆིབས་རྟ་བྷ་ལ་ཧ་གི་ཟ་ལྟབ་རིངམོ་གསུམ། འཇམ་དཔལ་དབྱངས། རྗེ་བཙུན་སྒྲོལ་མ། ཚེ་དཔག་མེད། དུང་དཀར་འདི་འཕུཝ་ཅིག་སེརཝ་ཆད་ཚུགས་མི་དུང་དཀར། ཨ་ཞེ་སྣང་སའི་རིང་བསྲེལ། ན་ག་བཱ་སོ་ཏའི་དཔོན་གྱི་དབུ་ཐོད། གཏེར་བཏོན་པདྨ་གླིང་པ་གིས་བཟོ་མི་ཕུརཔ། གཏེར་བཏོན་པདྨ་གླིང་པ་གིས་བཟོ་མི་ལྷ་ང་། དེ་ཡང་ལྷ་ང་འདི་ལྕེ་བལྡག་པ་ཅིན་ངན་སོང་ལས་གྲོལ་ཚུགས་ཟེར་སླབ་ཨིན་མས།

ལྷ་ཁང་འདི་གནམ་མེད་ས་མེད་རྩ་ཅན་ཅིག་ཨིནམ་ལས་ དེ་ཁར་གུ་རུ་རིན་པོ་ཆེ་གི་འཁྲུངས་སྐར་དུས་ཆེན་དང་འབྲེལ་ སྤྲེལ་ཟླ་ ༥ པའི་ཚེས་ ༨། ༩ དང་ ༡༠ ལུ་ཉིནམ་གསུམ་གྱི་རིང་ ལོ་བསྟར་གྱི་ཚེས་བཅུ་འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས། ཚེས་བཅུ་འདི་ཤར་ཕྱོགས་ཁ་ཐུག་ལུ་ཧ་ཅང་གིས་རྙིང་ཤོས་ཅིག་ཨིན་མས། ལྷ་ཁང་འདི་སྒེར་སྡེ་གི་ལྷ་ཁང་ཅིག་ཨིནམ་ལས་ས་ཡོམ་གྱིས་གནོདཔ་སྦོམ་བཀལ་ཏེ་མེདཔ་བཏང་ཡོད་རུང་ གཡག་སྒང་ལྷ་ཁང་འདི་ད་ལྟོ་ཡང་ཉམས་གསོ་ཞུ་མ་ཚུགས་པར་ཡོདཔ་ཨིན་མས།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. སྦས་ཡུལ། གཡག་སྒང་། གནམ་ལོ་མེད། སྤྱི་ལོ་མེད། ཡོངས་འབྲེལ་ཁ་བྱང་། https://bayuel.com/attractions/yakgang-lhakhang