༄༅།།བོད་གངས་ཅན་གྱི་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་བརྒྱ་དང་བརྒྱད་ཅུ་ལྷག་གི་གསུང་འབུམ་སོ་སོའི་དཀར་ཆག﹙སྟོད་ཆ﹚
མི་རིགས་དཔེ་མཛོད་ཁང་གིས་བསྒྲིགས་པ།
གླེང་གཞི།བོད་རིགས་ནི་རང་རྒྱལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་རླབས་ཆེན་ཞིག་ཡིན་ལ།ལས་ལ་བརྩོན་ཞིང་དཔའ་བ་དང་།བློ་རིག་ལྡན་པ་ཞིག་ཀྱང་རེད།རླབས་ཆེན་གྱི་མེས་རྒྱལ་གསར་གཏོད་བྱེད་པའི་གོ་རིམ་ནང་དུ་བོད་ཀྱི་མི་རིགས་དང་མི་རིགས་གཞན་དག་ཐུན་མོང་ཐོག་ནས་མེས་རྒྱལ་གྱི་རིག་གཞུང་འོད་སྟོང་རབ་ཏུ་འཕྲོ་བ་ཞིག་གསར་གཏོད་བྱས་ཡོད་པ་རེད།བོད་ཡིག་གི་དཔེ་རྙིང་འདི་དག་ནི་མེས་རྒྱལ་མི་རིགས་ཀྱི་རིག་གཞུང་གི་ནོར་མཛོད་ནང་གི་མུ་ཏིག་གཟི་འོད་རབ་ཏུ་འཕྲོ་བ་ཞིག་རེད།
བོད་ཡིག་གི་དཔེ་རྙིང་དེ་དག་དུས་རབས་བཅུ་གཅིག་པའི་གོང་ལ་སངས་རྒྱས་ཀྱི་གསུང་རབ་བསྒྱུར་རྒྱུ་དེ་གཙོ་བོར་བྱས་ཤིང་།དེ་ནི་བོད་ཀྱི་བཙན་པོ་མེས་དབོན་རྣམ་གསུམ་གྱི་དུས་ནས་འགོ་ཚུགས་པ་རེད།བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བསྒྱུར་ཟིན་པའི་གསུང་རབ་ཐམས་ཅད་དཀར་ཆག་ཏུ་བཀོད་པ་འཕང་ཐང་མ་དང་།མཆིམས་ཕུ་མ།ལྡན་དཀར་མ་གསུང་ཡོད་རུང་འཕང་མཆིམས་གཉིས་ཀྱི་དཀར་ཆག་འཐོར་གྱར་དུ་སོང་བས་ལྡན་དཀར་མ་ཙམ་ཙམ་ལས་མ་ལུས་པ་དེ་ནི་བསྟན་འགྱུར་གྱི་སྣ་ཚོགས་ཞེས་པའི་ཁྲོད་དུ་བཞུགས་པ་འདི་ཡིན།དཀར་ཆག་འདིའི་ནང་བཀའ་བསྟན་གཉིས་སྡེ་ཚན་བཅུ་དགར་ཕྱེས་ཏེ་ཐེག་ཆེན་དང་།ཐེག་དམན།མདོ་ཕྱོགས།སྔགས་ཕྱོགས།སྡེ་སྣོད་གསུམ་བཅས་ཀྱི་གོ་རིམ་ལྟར་ཕྱེ་ཐོགམདོ་སྡེའི་སྣོད་ནང་ཕར་ཕྱིན་དང་།ཕལ་ཆེན།དཀོན་བརྩེགས།བསྡུས་པ་ཆེན་པོ་བཅས་ཀྱི་གོ་རིམ་ལྟར་བསྒྲིགས་འདུག དེ་ནི་གསུང་རབ་སྡེ་ཚན་དབྱེ་བའི་སྲོལ་ཐོག་མར་གཏོད་པ་ཞིག་རེད།
བོད་ལ་སངས་རྒྱས་ཆོས་ལུགས་དར་བ་དང་ཆབས་ཅིག་ཆོས་ལུགས་གྲུབ་མཐའ་འདྲ་མིན་འགའ་རེ་བྱུང་བའི་འགོ་ཚུགས་ཤིང་།དུས་རབས་བཅུ་གཅིག་པ་ཚུན་ཙམ་ལ་གསུང་རབ་དེ་དག་གི་དགོངས་འགྲེལ་དང་། ལོ་རྒྱུས། སྐད་ཡིག རིག་གནས་སྐོར་སོགས་ཀྱི་རྩོམ་རིགས་ཇེ་མང་དུ་ཕྱིན་ཏེ་རྩོམ་རིགས་ཀྱི་གླེགས་བམ་ཧ་ཅང་མང་པོ་ཞིག་དར་པ་རེད།དེ་དག་ནི་བོད་ཡིག་གི་དཔེ་རྙིང་ནང་གི་གྲུབ་ཆ་གལ་ཆེན་ཞིག་རེད།ནང་དོན་མདོར་བསྡུས་ན་རིག་གནས་ཆེ་བ་ལྔ་སྟེ་བཟོ་རིག་པ་དང་།གསོ་བ་རིག་པ།སྒྲ་རིག་པ།གཏན་ཚིགས་རིག་པ།ནང་དོན་རིག་པ་བཅས་དང་།རིག་གནས་ཆུང་བ་ལྔ་སྟེ་སྙན་ངག་དང་།མངོན་བརྗོད།སྡེབ་སྦྱོར།ཟློས་གར།སྐར་རྩིས་བཅས་ཡོད་པ་རེད།ལྷག་པར་དུ་ལོ་རྒྱུས་དང་རྣམ་ཐར་སྐོར་གྱི་རྩོམ་རིགས་མང་ཙམ་ཞིག་ཡོད་པ་དེའི་ནང་ནས་བསྟན་རྩིས་རེའུ་མིག་དང་།རྒྱལ་རབས།མི་རིགས་བར་གྱི་འབྲེལ་བའི་སྐོར་གྱི་ལོ་རྒྱུས།ཆོས་འབྱུང་།གྲུབ་མཐའ་སོ་སོའི་བླ་རྒྱུད།གདུང་རབས།རང་རྣམ།གསང་བའི་རྣམ་ཐར་སོགས་དང་།གནས་ཡིག་དང་།དགོན་པའི་གདན་རབས་སོགས་ཡོད་པར་མ་ཟད།གཞན་ཡང་མགུར་མ་དང་།ལེགས་བཤད།ཚིག་སྤེལ་མའི་སྙན་ངག་གི་གཏམ་རྒྱུད་སོགས་ཀྱང་ཡོད་ལ།གནའ་དུས་རྒྱ་གར་གྱི་སྐད་ཡིག་སཾ་སྐྲི་ཏའི་སྒྲ་རིག་པ་དང་།གཏན་ཚིགས་རིག་པ།སྙན་ངག་སོགས་གསལ་བཤད་བྱེད་པའི་མཆན་འགྲེལ་སྐོར་གྱི་རྩོམ་རིགས་ཀྱང་མི་ཉུང་བ་ཞིག་ཡོད་རེད།དེ་དག་ཁྱོན་ཡོངས་ཀྱི་གྲངས་འབོར་ཇི་ཙམ་ཡོད་པ་ནི་རེ་རེ་བཞིན་བརྗོད་ཀྱིས་མི་ལང་ངོ་།གོང་གསལ་རིག་གནས་ཤུལ་བཞག་འདི་དག་ནི་བོད་ཀྱི་སངས་རྒྱས་ཆོས་ལུགས་དང་བོད་རིགས་ཀྱི་རིག་གཞུང་ལ་བརྟག་དཔྱད་བྱེད་རྒྱུར་བླངས་ན་རྫོགས་རྒྱུ་མེད་པ་དང་སྤྱད་ན་འཛད་མཐའ་མེད་པའི་བང་མཛོད་ཅིག་གིས་བརྩི་མཐོང་ཆེན་པོ་བྱེད་འོས་པ་ཞིག་རེད།
གསུང་འབུམ་སྐོར་གྱི་རྩོམ་རིགས་ནི་བཀའ་བསྟན་འགྱུར་གྱི་ཁོངས་སུ་མ་གཏོགས་པའི་དཔེ་རྙིང་རྩོམ་རིགས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ་བོད་ཡིག་དཔེ་རྙིང་གི་བཅུད་ལྟ་བུ་རེད།དུས་རབས་བཅོ་བརྒྱད་པའི་མཇུག་ལ་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གིས། 《བཀའ་གདམས་པ་དང་དགེ་ལུགས་པའི་བླ་མ་རགས་རིམ་གྱི་གསུང་འབུམ་མཚན་ཐོ》བསྒྲགས་པ་དེའི་ནང་ལ་གསུང་འབུམ་ཁག་བཞི་བཅུ་ཙམ་ལས།བུ་སྟོན་རིན་ཆེན་གྲུབ་དང་།རྗེ་ཙོང་ཁ་པ་སོགས་མཁས་དབང་ཁ་ཤས་ཀྱི་གསུང་འབུམ་ལེ་ཚན་དཔེ་ཐོ་ཞིབ་ཕྲ་ཙམ་དང་།དེ་མིན་མདོར་བསྡུས་ཤིང་བཀོད་འདུག་ཅིང་།དུས་རབས་བཅུ་དགུ་པའི་དཀྱིལ་ལ་དྲུང་ཆེན་ཤེས་རབ་རྒྱ་མཚོས་《དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུན་ཏྰ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ》ཞེས་པ་བསྒྲིགས་པ་དེའི་ནང་དུ་སྡེ་ཚན་བཅུ་གཉིས་སུ་ཕྱེས་ཏེ་གསུང་འབུམ་ཁག་དགུ་བཅུའི་མཚན་ཐོ་བཀོད་འདུག1959ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྣུམ་པར་ཐོག་དཀོད་པའི་《བླ་བྲང་དགོན་པའི་དཔེ་ཆ་སྤྱིའི་དཀར་ཆག》ནང་ལ་སྡེ་ཁག་ཆེ་བ་བཅུ་བདུན་བགོས་ཤིང་།གསུང་འབུམ་སྐོར་ལ་མཁས་དབང་174ཡི་དཔེ་ཐོ་བཀོད་འདུག
བོད་རིགས་ཀྱི་རིག་གནས་བྱ་གཞག་ཤུལ་འཛིན་དང་དར་སྤེལ་བྱེད་རྒྱུ་དང་།མི་རིགས་ཁག་གི་རིག་གནས་བརྗེ་རེས་བྱེད་རྒྱུ།ཐུན་མོང་དུ་དར་རྒྱས་ཕུན་ཚོགས་པ་ཡོང་བར་སྐལ་སྤེལ་གཏོང་རྒྱུ།མི་རིགས་ཀྱི་ཚན་རིག་ཞིབ་འཇུག་གི་བྱ་བ་བྱེད་རྒྱུ།དངོས་པོ་དང་བསམ་བློའི་དཔལ་ཡོན་གཉིས་ཀྱི་འཛུགས་སྐྲུན་བྱེད་རྒྱུ་བཅས་ལ་ཞབས་འདེགས་ཞུ་བའི་ཆེད་དུ་འདི་ག་དཔེ་མཛོད་ཁང་གི་བོད་ཡིག་དཔེ་རྙེང་ལེགས་སྒྲིག་བྱེད་པའི་རྨང་གཞིའི་ཐོག་འདི་གར་བཞུགས་ཡོད་པའི་བོད་ཡིག་དཔེ་རྙེང་ནང་གསུང་འབུམ་སྐོར་གྱི་དཀར་ཆག་ཞིབ་ཕྲ་བསྒྲིགས་ནས།ཐོག་མར་དེབ་འདི་བསྒྲིགས་པ་ཡིན།དེབ་འདིའི་ནང་ཁྱོན་བསྡོམས་མཁས་དབང་བརྒྱ་དང་བརྒྱད་ཅུ་ཙམ་གྱི་གསུང་འབུམ་འདུས་ཡོད་ཅིང་།དེབ་གསུམ་དུ་བགོས་ཏེ་རིམ་པས་པར་བསྐྲུན་བྱེད་རྒྱུ་ཡིན།གསུང་འབུམ་སྐོར་གྱི་དཀར་ཆག་འདི་ནི་དཔེ་ཆ་དང་དཔྱད་གཞི་སོགས་འཚོལ་བདེ་ཆེད་བོད་རྒྱ་སྐད་གཉིས་ཤན་སྦྱར་བྱས་ནས་བཀོད་ཡོད་པའི་ལག་ཆ་ལྟ་བུའི་དེབ་ཅིག་ཡིན།འོན་ཀྱང་འདི་གའི་དཔེ་མཛོད་ཁང་དུ་ཡོད་པའི་དཔེ་ཆའི་གནས་ཚུལ་མཚོན་པ་ཙམ་ཞིག་ལས།བོད་ཡིག་དཔེ་རྙིང་ནང་གསུང་འབུམ་སྐོར་གྱི་རྩོམ་རིགས་ཡོད་དོ་ཅོག་གི་རྣམ་པ་ཡོངས་སུ་མཚོན་མི་ཐུབ།
བོད་ཡིག་དཔེ་རྙིང་རྣམས་ལ་དཔེ་མིང་རྒྱས་པ་དང་བསྡུས་པ་གཉིས་ཡོད་ཅིང་།དཔེ་མིང་རྒྱས་པ་དེ་དག་ཧ་ཅང་རིང་བས་བློར་ངེས་དཀའ་བ་དང་།ལྷག་པར་དུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དམིགས་བསལ་རེ་ཡོད་ལ།ཐ་སྙད་དང་མངོན་བརྗོད་རྣམ་གྲགས་མང་བས་ཀློག་པ་པོས་གོ་དཀའ་བ་ཞིག་དང་།དཔེ་མིང་ཁ་བྱང་བསྡུས་པ་དེ་དག་ནི་མིང་འདྲ་བ་མང་བས་དཀར་ཆག་བཟོ་དུས་རྙོག་འཛིང་ཡོང་སླ་བ་ཞིག་རེད།དེར་བརྟེན་དཔེ་ཆའི་ཁ་བྱང་ཡོངས་རྫོགས་ཇི་བཞིན་བཤུས་ནས་དཀར་ཆག་བཟོས་ཡོད།ང་ཚོས་ཆེད་དམིགས་ཀྱིས་རྩོམ་པ་པོ་སོ་སོའི་གནས་ཚུལ་མདོར་བསྡུས་རེ་ངོ་སྤྲོད་ཞུས་ཡོད།དེའི་ནང་རྩོམ་པ་པོ་འགའ་ཞིག་གི་རྣམ་ཐར་སོགས་དཔྱད་གཞི་འཛོམ་པོ་ཞིག་མ་རྙེད་སྟབས་གསན་ཡིག་དང་།མཇུག་བྱང་།བླ་བརྒྱུད་སོགས་འབྲེལ་ཡོད་དཔྱད་གཞིར་བརྟེན་ནས་ངོ་སྤྲོད་བྱས་ཡོད།རྩོམ་པ་པོ་འགའ་ཞིག་ལ་དཔྱད་གཞི་མ་རྙེད་སྟབས་བར་སྟོང་ལ་འཇོག་དགོས་བྱུང་།
དཀར་ཆག་འདི་བཟོ་བའི་གོ་རིམ་ནང་ལ་པེ་ཅིན་དཔེ་མཛོད་ཁང་དང་།ཀྲུང་དབྱང་མི་རིགས་སྐད་ཡིག་སྒྱུར་ཅུས།མི་རིགས་དཔེ་སྐྲུན་ཁང་།ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ།མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ།བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་སོགས་དཔེ་སྐྲུན་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཁག་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ང་ཚོས་བོད་རྒྱ་ཤན་སྦྱར་གྱི་དཀར་ཆག་ཆེ་གྲས་འདི་འདྲ་ཞིག་བསྒྲིགས་པ་ཐེངས་དང་པོ་ཡིན་པས་ཉམས་མྱོང་མི་འདང་བ་དང་།མི་ཤུགས་མི་འདང་བ།བོད་ཀྱི་རིག་གནས་ཁྱབ་ཁོངས་ཀྱི་ཡོན་ཚད་དམའ་བ་བཅང་ལ་བརྟེན་སྐྱོན་དང་ནོར་འཁྲུལ་ཡོད་ངེས་ལ་མཁས་དབང་རྣམ་པ་དང་།ཀློག་པ་པོ་རྣམས་ཀྱིས་མཛུབ་སྟོན་གནང་བའི་རེ་འདུན་ཞུ་རྒྱུ་བཅས།།
མི་རིགས་དཔེ་མཛོད་ཁང་ནས།
སྤྱིའི་ལོ་1983ལོའི་ཟླ9པར།
དཀར་ཆག
ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ།﹙1﹚
ཀརྨ་རང་བྱུང་རྡོ་རྗེའི་གསུང་འབུམ།﹙1﹚
ཀརྨ་མི་བསྐྱོད་རྡོ་རྗེའི་གསུང་འབུམ།﹙4﹚
ཀིརྟི་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ།﹙18﹚
ཀེའུ་ཚང་བློ་བཟང་འཇམ་དབྱངས་སྨོན་ལམ་གྱི་གསུང་འབུམ།﹙46﹚
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསུང་འབུམ།﹙49﹚
ཀླུ་འབུམ་ཤེས་རབ་རྒྱ་མཚོའི་གསུང་འབུམ།﹙65﹚
ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་གསུང་འབུམ།﹙68﹚
ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱི་གསུང་འབུམ།﹙92﹚
ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གི་གསུང་འབུམ།﹙106﹚
དཀྱིལ་ཟུར་བློ་བཟང་སྦྱིན་པའི་གསུང་འབུམ།﹙111﹚
བཀའ་འགྱུར་པ་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ།﹙119﹚
སྐྱིད་ཤོད་ཞབས་དྲུང་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི་གསུང་འབུམ།﹙136﹚
ཁ་དྲོན་ནང་པ་བློ་བཟང་བསྟན་འཛིན་གྱི་གསུང་འབུམ།﹙140﹚
ཁང་གསར་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ།﹙143﹚
ཁལ་ཁ་མཁན་པོ་ངག་དབང་བློ་བཟང་མཁས་གྲུབ་ཀྱི་གསུང་འབུམ།﹙147﹚
ཁལ་ཁ་ངག་དབང་དཔལ་ལྡན་གྱི་གསུང་འབུམ།﹙156﹚
ཁལ་ཁ་དམ་ཚིག་རྡོ་རྗེའི་གསུང་འབུམ།﹙159﹚
ཁྱར་དགེ་བློ་གྲོས་རྒྱ་མཚོའི་གསུང་འབུམ།﹙193﹚
མཁན་ཆེན་དགེ་འདུན་རྒྱ་མཚོའི་གསུང་འབུམ།﹙196﹚
མཁན་ཆེན་བློ་བཟང་བསྟན་འཛིན་རྒྱལ་མཚན་གྱི་གསུང་འབུམ།﹙196﹚
མཁན་པོ་ངག་ངག་དབང་ཐུབ་བསྟན་རྒྱ་མཚོའི་གསུང་འབུམ།﹙205﹚
མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་གསུང་འབུམ།﹙215﹚
མཁྱེན་བརྩེ་འོད་ཟེར་འཇིགས་མེད་གླིང་པའི་གསུང་འབུལ།﹙220﹚
གུ་གེ་ཡོངས་འཛིན་བློ་བཟང་བསྟན་འཛིན་གྱི་གསུང་འབུམ།﹙229﹚
གུ་ཤྲི་དཀའ་བཅུ་པ་བློ་བཟང་ཚེ་འཕེལ་གྱི་གསུང་འབུམ།﹙238﹚
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།﹙246﹚
གུང་ཐང་བློ་གྲོས་རྒྱ་མཚོའི་གསུང་འབུམ།﹙270﹚
གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་གསུང་འབུམ།﹙277﹚
དགའ་ལྡན་ཤི་རེ་ཐུ་བློ་བཟང་བསྟན་པའི་ཉི་མའི་གསུང་འབུམ།﹙286﹚
དགའ་ལྡན་གསེར་ཁྲི་བདུན་ཅུ་པ་ངག་དབང་ཆོས་འཕེལ་གྱི་གསུང་འབུམ།﹙294﹚
རྒོན་ཚང་པ་མགོན་པོ་རྡོ་རྗེའི་གསུང་འབུམ།﹙296﹚
རྒྱ་གར་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ།﹙304﹚
རྒྱ་ནག་པ་འཇམ་དབྱངས་བསྟན་པའི་ཉི་མའི་གསུང་འབུམ།﹙306﹚
རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་གསུང་འབུམ།﹙311﹚
རྒྱལ་མཁན་སྤྲུལ་སྐལ་བཟང་གྲགས་པ་རྒྱ་མཚོའི་གསུང་འབུམ།﹙324﹚
རྒྱལ་བ་ཡང་དགོན་པ་རྒྱལ་མཚན་དཔལ་གྱི་གསུང་འབུམ།﹙329﹚
རྒྱལ་ཚབ་རྗེ་དར་མ་རིན་ཆེན་གྱི་གསུང་འབུམ།﹙330﹚
རྒྱལ་རོང་དགེ་བཤེས་ཚུལ་ཁྲིམས་ཉི་མའི་གསུང་འབུམ།﹙336﹚
རྒྱལ་སྲས་སྐལ་བཟང་ཐུབ་བསྟན་གྱི་གསུང་འབུམ།﹙337﹚
རྒྱལ་སྲས་ཐོགས་མེད་བཟང་པོའི་གསུང་འབུམ།﹙342﹚
རྒྱལ་སྲས་བློ་བཟང་ངག་དབང་ཐོགས་མེད་ཀྱི་གསུང་འབུམ།﹙344﹚
རྒྱལ་སྲས་ཡོན་ཏན་འོད་ཀྱི་གསུང་འབུམ།﹙346﹚
སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་གསུང་འབུམ།﹙347﹚
ངག་དབང་ཡེ་ཤེས་ཐུབ་བསྟན་རབ་འབྱམས་པའི་གསུང་འབུམ།﹙354﹚
ངོར་ཆེན་ཀུན་དགའ་བཟང་པོའི་གསུང་འབུམ།﹙365﹚
ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་འབུམ།﹙371﹚
དངུལ་ཆུ་དྷརྨ་བྷ་དྲའི་གསུང་འབུམ།﹙376﹚
དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་གསུང་འབུམ།﹙397﹚
རྔ་རྒོད་ནམ་མཁའ་སེང་གེའི་གསུང་འབུམ།﹙409﹚
རྔ་རྒོད་བློ་བཟང་བྱམས་པ་རབ་རྒྱས་ཀྱི་གསུང་འབུམ།﹙417﹚
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།﹙426﹚
ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱི་གསུང་འབུམ།﹙452﹚
ལྕང་སྐྱ་ངག་རོལ་པའི་རྗེའི་གསུང་འབུམ།﹙478﹚
ལྕང་ལུང་པཎྚི་ཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ།﹙500﹚
༄༅།།ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ།།
༄༅།།ཀརྨ་རང་བྱུང་རྡོ་རྗེའི་གསུང་འབུམ།།
001167པར་མ། སྟོན་པ་ཐམས་ཅད་མཁྱེན་པའི་སྐྱེས་རབས་ཕྲེང་།བཅུ་ཕྲག་གསུམ་དང་བཞི་ནི་དཔའ་བོའི་སྟེ།།ཕྱི་ནས་རང་བྱུང་རྡོ་རྗེས་བདུན་ལྷག་པའི།།དྲུག་ཅུས་བརྒྱ་རྩ་རྫོགས་པར་མཛད་པ་བཞུགས།
001168པར་མ།
ཟབ་མོ་ནང་གི་དོན་གསལ་བར་བྱེད་པའི་འགྲེལ་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་བཞུགས་སོ།།ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་ཀྱི་ཚིག་དོན་གསལ་བར་བྱེད་པའི་ལེགས་བཤད་ནོར་བུ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།
ཟབ་མོ་ནང་གི་དོན་ཞེས་བྱ་བའི་གཞུང་བཞུགས་སོ།།
003890བྲིས་མ། ཟབ་མོ་ནང་གི་དོན་གྱི་རྣམ་པར་བཤད་པའི་ཟིན་བྲིས་ལོ་ཆེན་ཞལ་ལུང་བཞུགས་སོ།།ཟབ་མོ་ནང་དོན་གྱི་འགྲེལ་བཤད་བདེ་བར་གཤེགས་པའི་སྙིང་པོ་གསལ་བར་བྱེད་པ་ཉིན་བྱེད་འོད་ཀྱི་ཕྲེང་བ་བཞུགས།།
རྩོམ་པ་པོའི་ལོ་རྒྱུས་ཉུང་བསྡུས་།
༄༅།ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་ནི།གཙང་སྟོད་སྐྱིད་གྲོང་འཕགས་པ་ཝ་ཏིའི་ལྷ་ཁང་གི་ལྷོ་ཕྱོགས་གངས་ཞུར་མོ་ཞེས་པར་ཡབ་ཆོས་དཔལ་དང་།ཡུམ་ཇོ་མོ་གཡང་འདྲེན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཤིང་ཕོ་སྤྲེལ་ལོར་﹙1284﹚འཁྲུངས།དགུང་ལོ་ལྔ་པར་གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་མཇལ་བར་བྱོན།གྲུབ་ཆེན་པས།ངའི་བླ་མའི་གསང་མཚན་རང་བྱུང་རྡོ་རྗེ་ཡིན་པས་དེ་ཀ་འདོགས་གསུངས་ནས་རང་བྱུང་རྡོ་རྗེར་མཚན་གསོལ།དགེ་བསྙེན་གྱི་སྡོམ་པ་དང་སེམས་བསྐྱེད་གནང་།དགུང་ལོ་བདུན་པར་ཁྲོ་ཕུ་ཤེས་རབ་ཀྱིས་མཁན་པོ་མཛད་དེ་དགེ་ཚུལ་བསྒྲུབས།འདུལ་བ་གསན།རྟ་ལོར་ས་གཡོས་བྱུང་བའི་ཤིང་རྟ་ལོའི﹙1294﹚རྗེས་ཀྱི་ལོ་ཤས་དེའི་ནང་ལ་གནས་བརྟན་གཞོན་ནུ་འབྱུང་བས་མཁན་པོ་དང་།དགེ་འདུན་རིན་ཆེན་གྱིས་ལས་སློབ་མཛད་དེ་བསྙེན་པར་རྫོགས།འདུལ་བ་ཡོང་ས་རྫོགས་གསན།སློབ་དཔོན་ཤེས་རབ་དཔལ།རྒྱ་སྒོམ་ཡེ་ཤེས།སྙེ་མདོ་ཀུན་དགའ་དོན་གྲུབ་སོགས་ལས་བོད་ཀྱི་ཡུལ་དུ་བཀའ་བསྟན་འགྱུར་རོ་འཚལ་ཐམས་ཅད་གསན་པར་མཛད།དེ་ནས་ཀརྨའི་གདན་སར་བྱོན།ས་སྐྱ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དེར་ཕེབས་པ་དང་མཇལ་ནས་གསུང་གླེང་མཛད།ཁ་བ་དཀར་པོར་བྱོན་ནས་གནས་ཡིག་བརྩམས།དེ་ནས་ཀམ་པོ་གནས་ནང་དུ་བྱོན་།ཆུ་གླང་ལོར﹙1313﹚ཙྰ་རིར་ཕེབས།ཟླ་བ་གསུམ་བཞུགས།མཚུར་ཕུར་ཚུར་ཕེབས།ཤིང་བྱ་ལོར﹙1325﹚ཀོང་པོར་གདན་དྲངས།དེར་སྒྲུབ་སྡེ་འགའ་ཞིག་བཏབ།མདོ་ཁམས་སུ་བྱོན།སོག་ཆུར་ལྕགས་ཟམ་བཙུགས།དེ་ནས་ཧོར་རྒྱལ་པོས་གདན་འདྲེན་བྱས།ལྕགས་ལུག་ལོར﹙1331﹚གསེར་ཡིག་པ་མགོན་པོ་ཚིམ་ཆིང་སོགས་དབུས་སུ་སླེབས་པས་ཆོས་རྗེ་ཀོང་པོ་ནས་གདན་དྲངས།གདན་ཞུའི་འཇའ་ས་བསྒྲགས།ས་སྐྱའི་ཏི་ཤྲྰི་ཀུན་དགའ་རྒྱལ་མཚན་ནས་མེས་རྒྱལ་ནང་ཁུལ་དུ་ཕེབས་དགོས་ཚུལ་ཞུས།ཀུན་རྒྱན་པ་རང་ཉིད་སྔོན་དུ་ཕེབས།ཆུ་སྤྲེལ་ལོའི﹙1332﹚ཟླ་གཉིས་པའི་ཚེས་གཅིག་ལ་སྟོད་ལུང་མཚུར་ཕུ་ནས་བཏེག ཟླ་བ་བརྒྱད་པའི་ཚེས་བཅུ་གཉིས་ལ་རྒྱལ་པོ་གཤེགས་ནས་མཇལ་མ་ཐུབ་ཀྱང་།ཆུ་སྤྲེལ་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ལ་ཕོ་བྲང་ཆེན་པོར་འབྱོར།རྒྱལ་བུ་རཏ་ན་ཤྲི་སོགས་ཀྱི་ས་བསུ་བ་རྒྱ་ཆེན་པོ་བྱས།དེ་རྗེས་རྒྱལ་བུ་ཡང་འདས།དེའི་གཅེན་པོ་ཐོ་གན་ཐེ་མུར་སྨན་རྩེའི་ཡུལ་ནས་གདན་དྲངས།དེ་ནས་རྒྱལ་པོ་ཐོ་གན་ཐེ་མུར་དང་བཙུན་མོ་བློན་པོ་སོགས་ལ་དབང་བསྐུར་ཆོས་བཤད་གནང་།དེ་ནས་ཤིང་ཁྱིའི་ལོར་﹙1334﹚ཆོས་རྗེ་བོད་དུ་ཕེབས་ཁར་ཚལ་པ་སི་ཏུ་དགེ་སྦྱོང་ཆེན་པོ་ལ་གོ་ཤྲིའི་མིང་དང་ཤེལ་ཐམ།མཚུར་ཕུ་དང་ཀརྨ་པ་སོགས་ལ་བདག་རྐྱེན་དང་བོད་སྤྱི་ལ་ཕན་པའི་འཇའ་ས་གསུང།བསྟན་འགྱུར་བཞེངས་པའི་ཆ་རྐྱེན་སོགས་ཕུལ་ནས་བོད་དུ་ཡར་བྱོན།ཤིང་ཕག་ལོའི﹙1335﹚ཟླ་བ་བརྒྱད་པར་འདམ་དུ་ཕེབས།བོད་ཀྱི་ཆེ་དགུས་བསུས།འཇའ་ས་གསུམ་པོ་བསྒྲགས།བོདག་དུ་ཕེབས་ནས་གསེར་དངུལ་གྱིས་བསྟན་འགྱུར་པོ་ཏི་བརྒྱ་དང་དྲུག་ཅུ་བཞེངས།མེ་བྱི་ལོར﹙1336﹚གདན་འདྲེན་གསེར་ཡིག་པ་གསུམ་པ་སླེབས།ཟླ་བ་བརྒྱད་པར་སླར་ཡང་རྒྱ་ནག་ཏུ་བྱོན་ནས།མེ་གླང་ལོའི﹙1337﹚ཟླ་གསུམ་པའི་ཚེས་གཅིག་ལ་ཕོ་བྲང་ཆེན་པོར་ཕེབས།ཕེབས་བསུ་མཐོང་བཀུར་སོགས་སྔར་བས་ཀྱང་ཆེ།གསེར་བྲེ་བཞི་སོགས་འབུལ་བ་ཕུལ།ས་གཡོས་ཆེན་པོ་བྱུང་སྐབས་ཆོས་རྗེ་དང་གོང་མ་མཆོད་ཡོན་གཉིས་ཐང་དུ་གཟིམས་གུར་ཕུབ་ནས་བཞུགས་པས་ཉེས་སྐྱོན་མ་བྱུང་།དགུང་གྲངས་ང་དྲུག་ཏུ་ཕེབས་པ་ས་ཡོས་ལོའི﹙1339﹚ཟླ་དྲུག་པའི་ཚེས་བཅུ་བཞི་ལ་ཞི་བར་གཤེགས།ཆོས་རྗེ་འདི་ལ་སློབ་མ་གྲངས་ཆེ་བ་ཞྭ་དམར་གྲངས་པ་སེང་གེ མཁས་གྲུབ་གཡུང་སྟོན་པ།རྟ་སྣ་གོ་ཤྲི་ཀུན་རྒྱལ།ཚལ་པ་སི་ཏུ།གཡག་སྡེ་པན་ཆེན།ཀུན་མཁྱེན་དོལ་པོ་པ་སོགས་མང་ངོ་།གསུང་རབ་ནི་སྟོན་པའི་སྐྱེས་རབས་དང་།ཟབ་མོ་ནང་དོན་གྱི་རྩ་འགྲེལ་སོགས་པོ་ཏི་ཀ་ཁ་གཉིས་དང་།བྲིས་མ་པོད་གཅིག་བཅས་ངེད་དཔེ་མཛོད་ཁང་དུ་པོད་གསུམ་བཞུགས་སོ།